Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།

1 occurrence of ༄༅། །ན་མོ་གུ་རུ་བཛྲ་དྷཱ་ར་ཡ། ཀ་ཏི་ཤེལ་གྱི་རྩ་ཆེན་གཏད་མེད་མཁའ་ལ་ཕྱེ།
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
སོ་སྐྱེའི་བརྒྱུད་པས་བསླད་པ་མེད།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of ༄༅། །ན་མོ་གུ་རུ་བཛྲ་དྷཱ་ར་ཡ། ཀ་ཏི་ཤེལ་གྱི་རྩ་ཆེན་གཏད་མེད་མཁའ་ལ་ཕྱེ།
[Clear Hits]

 
previousསོ་སྐྱེའི་བརྒྱུད་པས་བསླད་པ་མེད། next

སོ་སྐྱེའི་བརྒྱུད་པས་བསླད་པ་མེད།

༄༅། །སོ་སྐྱེའི་བརྒྱུད་པས་བསླད་པ་མེད། དཔལ་གདོད་མའི་མགོན་པོ་མི་གཟུགས་ཅན། །ཕ་བློ་གྲོས་མཐའ་ཡས་ཞབས་ལ་འདུད། །བུ་སྙིང་དང་འདྲ་བའི་ཕྲིན་ལས་པ། །ཁྱེད་སྔོན་ཡང་བསོད་ནམས་བསགས་པའི་མཐུས། །རྟེན་དལ་འབྱོར་ཚང་བའི་མི་ལུས་རྙེད། །རྗེ་མཚན་ལྡན་བླ་མས་རྗེས་སུ་བཟུང་། །ཆོས་ཟབ་རྒྱས་གདམས་པའི་བདུད་རྩི་ཐོབ། །ཚེ་འདི་ལ་མ་ཆགས་ལྷ་ཆོས་མཛད། །གཏན་འདུན་མ་ལེགས་པའི་ཕོ་རྒོད་ལགས། །ང་མདོ་ཁམས་སྨད་ཀྱི་བཙུན་པ་དང་། །དཔལ་འཕྲུལ་སྣང་གཙུག་ལག་ཁང་དུ་འཕྲད། །དུས་རྒྱུན་རིང་བར་དུ་གྲོགས་སུ་འགྲོགས། །གནས་འོག་མིན་མཆིམས་ཕུའི་ནགས་ཁྲོད་དུ། །ཆོས་རྩོལ་མེད་ཐེག་པ་ཀུན་གྱི་རྩེ། །དཔལ་ཨ་ཏི་ཡོ་གའི་མན་ངག་བཅུད། །ཁོང་ལྕེ་བཙུན་བི་མའི་ཟབ་ཏིག་གི། །སྨིན་གྲོལ་གྱི་གདམས་པ་ཚང་སྤྲུག་ཕུལ། །འདི་སྔོན་སྨོན་ལེགས་པའི་བརྡ་རུ་གོ། མི་ང་རང་ཞན་ཏེ་བརྒྱུད་པ་བཟང་། །དཔལ་ཀུན་ཏུ་བཟང་པོ་ནས་བཟུང་ནས། །མགོན་པདྨ་གར་དབང་ཡན་ཆོད་དུ། །འཕགས་པའི་གང་ཟག་མ་གཏོགས་པ། །སོ་སྐྱེའི་བརྒྱུད་པས་བསླད་པ་མེད། །བུའི་གསོལ་བ་ཐོབ་དང་བྱིན་རླབས་འབྱུང་། །ངེས་འབྱུང་གི་ཕ་མཁར་བརྟན་མཛོད་དང་། །ཚུལ་ཁྲིམས་ཀྱི་ཕུང་པོ་ཅིས་ཀྱང་དག །གཞན་ཕན་གྱི་བསམ་སྦྱོར་མ་ཉམས་ན། །རྒྱལ་སྲས་ཀྱི་གྲལ་དུ་ཅིས་ཀྱང་ཚུད། །དག་སྣང་གི་བློ་ཁ་མ་ལོག་ན། །རིམ་གཉིས་ཀྱི་འབྲས་བུ་ཅིས་ཀྱང་འབྱུང་། །ཆོས་བརྒྱད་ཀྱི་དགྲ་བོ་ཆོམ་མཛོད་དང་། །བྱ་བཏང་གི་རྩེ་གཅིག་ཡོང་བར་ངེས། །སྒྲུབ་མཐའ་དེ་འཆི་ལ་གཏོད་མཛོད་དང་། །གྲུབ་གཉིས་ཀྱི་འདོད་པ་འཇོ་བར་ངེས། །རྩོལ་མེད་ཀྱི་མོས་གུས་སྐྱེད་མཛོད་དང་། །དོན་བརྒྱུད་ཀྱི་བྱིན་རླབས་འཕོ་བར་ངེས། །མཐར་འཛིན་གྱི་ལྟ་བ་དོར་མཛོད་དང་། །དབུ་མ་ཡི་བདེན་དོན་མཐོང་སྟེ་མཆི། །ཅིར་སྣང་ཀུན་ཆོས་སྐུར་སྦྱོང་མཛོད་དང་། །ཕྱག་ཆེན་གྱི་དགོངས་པ་རྟོགས་ཏེ་མཆི། །ཡེ་གྲོལ་གྱི་རིག་པ་རྗེན་ཕུད་དང་། །རྫོགས་ཆེན་གྱི་ཡེ་ཤེས་རྟོགས་ཏེ་མཆི། །གཏད་མེད་ཀྱི་ཤེས་པ་རྒྱ་ཡན་འདི། །འཇུར་བུ་ཡི་དྲན་པས་མ་བཅུན་ཡང་། །མཐའ་གྲོལ་གྱི་རིག་པ་ཕྱམ་བརྡལ་ཉིད། །རེ་དོགས་ཀྱི་སྲད་བུས་མ་བཅིངས་ཨང་། །རྩལ་ཐུགས་རྗེའི་འཆར་ཚུལ་མ་འགགས་པ། །དགག་སྒྲུབ་ཀྱི་བློ་ཡིས་མ་བཅོས་པར། །རང་གྲོལ་གྱི་གནད་ལ་གོམས་མཛོད་དང་། །འོད་གསལ་གྱི་ཉི་མ་ཁོང་ནས་འཆར། །བློ་བདེ་དེ་རྒྱུན་ཆད་མེད་པར་མཆི། །ཚུལ་འདི་སྐད་སྔགས་བཙུན་སྙོམ་ལས་མཁན། །བློ་བག་ཡང་པདྨ་རྣམ་རྒྱལ་གྱིས། །དཔལ་འོག་མིན་མཆིམས་ཕུའི་ནགས་འདབས་སུ། །བློར་གང་ཤར་བཀག་མེད་གླུ་རུ་བླང་། །གྲོགས་དད་པ་ཅན་གྱི་གཟིགས་མོར་མཛོད། །དགེ་དེས་ཀྱང་འགྲོ་ཀུན་ཡོངས་གྲོལ་ཤོག །


previousསོ་སྐྱེའི་བརྒྱུད་པས་བསླད་པ་མེད། next